查看原文
其他

ཁོ་མོར་འབྲེལ་ཐག་གཅོད་པའི་ཉིན་དེར།

ཐོག་ལྕེ། 爱情孤岛 2020-02-27

      

ཁོ་མོར་འབྲེལ་ཐག་གཅོད་པའི་ཉིན་དེར།

རྩོམ་པ་པོ། ཐོག་ལྕེ།

༡ 

   ངའི་དྲན་པའི་དཀྱིལ་འཁོར་གྱི་རྒྱ་ལས་ཡལ་དུ་མེད་པའི་གཟུགས་མེད་ཀྱི་ལག་པ་ཞིག་གིས་ཁྱེད་ཀྱི་ཞལ་རིས་ཀྱི་འཚེབ་དྲུབ་ཅིག་བཟོས་ཏེ་ངའི་དྲན་པའི་ཀ་ངོར་བཏགས་བྱུང་བས། ཅིས་ཀྱང་གཞོལ་ཐབས་མེད་པའི་སྐྱོ་གར་གྱི་ངོ་གདོང་དེ་ལ་ཐེངས་ཤིག་མི་ལྟ་དབང་མེད་དུ་ཐལ། བལྟས་ན་ཡིད་ཀྱི་མཇིངས་སུ་ཟུག་འགྲོ་བའི་འཚེབ་དྲུབ་དེའི་མཇུག་ཏུ་མིང་མི་གསལ་བའི་ལོ་ཟླ་ཚེས་གྲངས་2018/1/27ཞེས་བྲིས་འདུག་པ་ཤིན་ཏུ་གསལ་བོར་མཐོང་བས། ང་རང་དེ་མུར་འདི་ནས་ཡར་བརྩིས་པའི་ཟླ་བ་གཉིས་ཀྱི་སྔོན་ལ་ཁྲིད་སོང་། 

   དགའ་ལོ་མ། ཟླ་བ་གཉིས་ཀྱི་སྔོན་ལ་འུ་གཉིས་བར་ལ་དོན་དག་ཅི་ཞིག་བྱུང་མྱོང་བ་ཨེ་དྲན།  དེ་རིང་ནི་ཏག་ཏག་ངས་ཁྱེད་ལ་གྱེས་ཕྱག་གི་ཆོད་སེམས་བཞག་ནས་ཟླ་བ་གཉིས་འཁོར་བའི་ཉིན་རེད། ལར་ཡིན་ན་ཉིན་དེར་གྱེས་བྲལ་གྱི་གདུང་བས་མནར་བའི་ཟུག་གཟེར་གྱི་ཚོར་རླབས་བྲག་ངོར་བརྡབས་པའི་རབ་བྱེད་ཡི་གེའི་གཟུགས་སུ་ཕབ་ན་འགྲིག་མོད། སྙིང་ཉེ་མ། ཁྱོས་ཨེ་ཤེས། ཉིན་དེར་ངའི་ཚོར་བའི་ཕུང་ཁམས་ཀྱི་རྒྱ་མཚོའི་དྲག་རླུང་ལས་རླབས་ཀྱི་ཕྲེང་བ་དགུང་དུ་འཕྱོ་ནས། ངའི་བརྩེ་དུང་གི་ཁེར་གླིང་ཡང་བསྣུབས་འགྲོ་བའི་འཇིག་ཉེན་ཐོན་ལ། ལུས་ནི་ཚོད་ཚོད་མེད་པར་རང་ཚུགས་སུ་མི་གནས་ལ། ལུས་ཀྱི་རྩ་སྣ་ཐམས་ཅད་གློ་བུར་དུ་འཁུམས་ཏེ་སྨྲ་བའི་ངག་སྒོ་སྡོམ་པའི་དུས་ཤིག་ཐོན་པས་ངས་འབྲི་མ་ཐུབ། ཡིན་ཡང་ཉིན་དེའི་འུ་གཉིས་ཀྱི་སྨྲ་བ་མཐའ་དག་དེ་རིང་ཡང་ངའི་དྲན་ཤེས་ཀྱི་མེ་ལོང་ངོར་གསལ་གྱི་ལེར་འདུག 

                                                                 ༣ 

   ཉིན་དེ་ལ། ང་རང་ཁྲིན་འདུ་ཡི་རྩིས་འཁོར་ཆེད་སྦྱོང་འཛིན་གྲྭ་ཞིག་ཏུ་སློབ་ཁྲིད་ལ་འགྲོ་བཞིན་ཡོད། ཆེད་དུ་དུས་ཚོད་ཅིག་བཙལ་ནས་ཁོ་མོར་འབྲེལ་ཐག་གཅོད་པའི་གྲབས་གཤོམ་པ་ཡིན། རྩིས་འཁོར་ནས་སྙིང་དུ་སྡུག་པའི་ཁོ་མོའི་པར་ཞིག་ཚིག་ཇའི་ཕོར་ནང་དུ་སྐོང་བའི་ཚུལ་དུ་བཞག་པའི་པར་ཞིག་བཟོས་པའི་འོག་ཏུ་འཕྲིན་སྟེགས་ཀྱི་བཤེར་རིས་བཞག་ནས་འདི་ལྟར། “མི་ཞིག་གི་ཆེད་དུ་བརྩེ་དུང་གླེང་བརྗོད་ཀྱི་འཕྲིན་སྟེགས་ཤིག་གི་སྒོ་ཕྱེས། མ་འོངས་པ་ན་དེབ་ཅིག་དཔར་བསྐྲུན་བྱས་ན། ཨ་ལ། ཀུ་རེ་ཡིན། ཚིག་ཇའི་ནང་དུ་རང་ཉིད་དགའ་མྱོང་སའི་བུད་མེད་ཀྱི་པར་ཞིག་སྦངས་ནས་ཅུང་ཟད་བག་ཡོད་ཀྱི་ངང་ནས་མི་མངོན་པའི་ཚུལ་དུ་བཞག་ན་མཐོང་དཀའ་འོ། །”ཞེས་པའི་ཚིག་འབྲུ་འགའ་དང་མཉམ་དུ་སྐད་འཕྲིན་བར་སྟོང་དུ་བསྐུར་བ་ཡིན། འཕྲིན་སྟེགས་འདི་གར་མ་འོངས་བྲི་འཆར་ཡོད་པའི་བརྩེ་འཕྲིན་གཏམ་གྱི་མེ་ཏོག་ལན་བུར་བརྒྱུས་པ་དག་གི་གཟུངས་གཞུག་ཏུ་གྱུར་བའི་ཁོ་མོས་དོ་སྣང་བྱས་བྱུང་བས། ངའི་ཡིད་ཀྱི་མཁའ་མཐར་སྤྲོ་བའི་སྤྲིན་པ་ལང་ལོང་ལྡང་བྱུང་། དེ་ནས་ཡུན་རིང་སྐད་འཕྲིན་དུ་སྐད་ལན་མ་བཏབ་པའི་ཁོ་མོའི་སྒེར་ཐོག་ཏུ་སྤྱིར་བཏང་གི་འཚམས་འདྲིའི་སྐད་ཆ་འགའ་ཤས་བསྐུར་ནས་ཕན་ཚུན་ལ་ཁ་བརྡ་ཏོག་ཙམ་བགྱིས་པའི་འཕྲོ་ནས། ཁོ་མོས་སྔོན་ཏག་ཏག་ལ་སྐད་འཕྲིན་བར་སྟོང་དུ་བསྐུར་བའི་པར་དེ་བསྐུར་ནས། ཚིག་ཇའི་ཕོར་ནང་དུ་ཁོ་མོའི་པར་ངོ་མ་ཡོད་དམ། པར་གང་རེད། ཁོ་མོར་བསྐུར་ནས་སྟོན་རོགས་གྱིས་དང་ཞེས་ལབ་བྱུང་། ཁོ་བོས་ནམ་ཞིག་གི་ཉིན་མ་ལ་ཁྱེད་ཀྱིས་ཅིས་ཀྱང་མཐོང་ངེས་ཞེས་ལན་བསྐྱོན་ཏེ་ཁོ་མོར་བསམ་གཟས་ནས་མ་བསྐུར། དེ་ནས་ཁོ་མོས་ང་ལ་ཁོ་མོའི་ཉེ་པར་ཞིག་བསྐུར་ནས། ཁོ་མོའི་པར་འདི་ཁྱེད་ལ་བྱིན་པ་ཡིན་ཞེས་ལབ་བྱུང་། ཁོ་མོས་པར་འདི་ངའི་མི་ཚེ་འདིའི་ཆེས་མཇུག་མཐར་ཕུལ་བའི་ཁོ་མོའི་པར་ཞིག་ཏུ་འགྱུར་བར་ཚོར་མེད་པ་ཡིན། དོན་དངོས་སུ་ང་ལ་བསྐུར་བའི་ཁོ་མོའི་པར་མང་པོ་ནང་ནས་པར་འདི་ཉིད་ཆེས་མཇུག་མཐའི་པར་ཉིད་དུ་ཆགས་ཡོད་པས། ངའི་དྲན་ཤེས་ཀྱི་མེ་ལོང་དུ་ཁོ་མོའི་པར་ཐོག་མར་འཆར་ཡུལ་དུ་གྱུར་བ་ཡང་འདི་ཉིད་ཡིན་ལ། བསུབ་ཐབས་བྲལ་བ་དང་བརྗེད་དུ་ཕངས་པ་ཡང་འདི་ཉིད་གཏན་གཏན་ཆགས། དེ་ནས་ཁོ་བོས་དཔའ་སྤོབས་ཀྱིས་ངར་ཁ་བརྡར་བའི་ཚིག་འབྲུ་དག་ཕྱུངས་ཏེ་ཁོ་མོར་འདི་ལྟར། ད་རེ་སྐད་འཕྲིན་དུ་སྒེར་འབྲེལ་འཛུགས་དོན་ནི་ཁྱེད་ལ་གྱེས་འཐོར་རྒྱག་ཕྱིར་ཡིན། ངས་ཁྱེད་ལ་གཏན་དུ་འབྲེལ་ལམ་གཅོད་ན་འདོད་ཅེས་བསྐུར་བ་ཡིན། མིག་བྱང་རྣ་བྱང་དུ་གྱུར་བའི་ཡིག་འབྲུ་དེ་དག་བསྐུར་མ་ཐག་ཁོ་མོས་ཕྱིར་ལན་དུ་ཉིད་ཀྱི་འདོད་པ་ལྟར་བྱེད་ཆོག་ཅེས་ལབ་བྱུང་། དེ་མུར་སྐད་འཕྲིན་བསུབས་ནས་འབྲེལ་ཐག་གཅོད་པར་འཕངས་བས་མནར་བའི་ཡིད་ཀྱིས་ཅི་ཞིག་ལ་རེ་བ་རྒྱག་པ་ལྟར་ངས་ཁྱེད་ལ་འོས་མེད་ཀྱི་དོན་དག་སྣ་གཅིག་ཀྱང་བསྒྲུབས་མ་མྱོང་། ཁྱེད་ཀྱིས་ང་ལ་འོས་མེད་ཀྱི་དོན་དག་བསྒྲུབས་དགོས་དོན་མེད་པ་འདྲ་ཞེས་པའི་ཚིག་འགའ་དབང་མེད་དུ་ཐལ་སོང་། ད་རུང་ང་ཁྱེད་ལ་མི་དགའ། ད་ནས་བཟུང་ང་ཁྱེད་ལ་གཏན་ནས་དགའ་མི་སྲིད་ཅེས་པ་སོགས་ཇི་འདྲའི་ཡིད་ནས་འཆར་དཀའ་བ་དང་མིད་པ་བརྣངས་བར་བྱེད་པའི་ཚིག་དག་བེད་སྤྱད་དེ་ཁོ་མོར་འབྲེལ་ལམ་གཅོད་པའི་ཞེ་ཐག་བཅད། ཁོ་བོར་སྐད་ཆ་བཤད་རྒྱུ་གཞན་མེད་ན་ད་ནི་དངོས་ནས་སྐད་འཕྲིན་བསུབ་རྒྱུ་ཡིན་པར་ལབ་པ་ཡིན། ཁོ་མོས་བཤད་རྒྱུ་ཡོད་པར་བཤད་ལ་ཅི་ཞིག་ཡོད་པར་དྲིས་རུང་མེད་མདོག་གིས་ལན་ཅི་ཡང་སྨྲ་མ་བྱུང་། ཁོ་མོས་ཀྱང་འབྲེལ་ལམ་གཅོད་མི་འདོད་པའི་ཡིད་ཀྱི་དུད་སྤྲིན་ངའི་ཕྱོགས་སུ་ལྡང་ཏེ་ངའི་ཡིད་ཀྱི་ལྷུན་པོ་སྨུག་པོས་བཟུང་ལ། དཔྱིད་ཉི་མ་ཐོན་རུང་དྭངས་ཐབས་མི་འདུག་པའི་གནས་སུ་བཅར་མུས་སུ་ཡོད། དེ་ལྟར་ཤིན་ཏུ་ཕངས་སེམས་དང་བཅས་ཏེ་ཁོ་མོའི་སྐད་འཕྲིན་ཡོངས་སུ་བསུབས་ནས་རྫོགས་ཚིག་བཀོད་པ་ཡིན་ནོ། །

--- ཕྱི་ལོ་2018/3/27ཉིན་ལ་གཙོས་གྲོང་ནས།

གསལ་བཤད། གང་འདོད་དུ་ཁྱེད་ཀྱིས་ང་ལ་ཆེས་མཇུག་མཐར་བསྐུར་བའི་པར་དེའི་ཆ་ཤས་ཡང་ཤས་ཤིག་འདི་ལྟར་བེད་སྤྱོད་བཏང་བ་ལ་བཟོད་སྒོམ་གནང་རོགས་ཞུ་ཞུ། 

ཐོག་ལྕེ། TogJe👈འབྲེལ་ལམ།
གནོན།
√<འོག་གི་མཐེ་མོ་👍>་འདི་གནོན་རོགས་ཞུ།  ཁྱེད་ལ་གནོད་པ་མེད།

 

    您可能也对以下帖子感兴趣

    文章有问题?点此查看未经处理的缓存